2021༼བཀྲ་ཤིས་གླུ་ཡི་མཆོད་པ།༽དགེ་བྷེ་ཡི་གླུ་གཞས་གསར་བ་སྙན་མོ།
发布于 2021-09-15 00:11
ཀླུ་ཆབ་སྔོན་མོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་ལོ་ངོ་འདི་ཀར་ས་གནས་ཀྱི་དམངས་སྲོལ་སྒྱུ་རྩལ་རིག་གནས་ཐད་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུངས་བྱེད་བཞིན་པའི་ན་རོ་གཞས་ཚོགས་ཀྱི་ཚོགས་མི་སྒྲོལ་མ་སྐྱབས་ཀྱི་སྐུལ་འདེད་འོག་སྤྱི་ལོ༢༠༡༦ལོར་དངོས་སུ་བཙུགས་ཤིང་།ཐང་དགེ་སྒྲོལ་དཀར་སྐྱབས་གཙོ་བྱས་པའི་རྒན་རབས་རྡུང་ལེན་པ་སྐོར་ཞིག་གི་མཛུབ་སྟོན་དང་རྒྱབ་སྐྱོར་ཁྲོད་བོད་ཀྱི་གླུ་གར་སྒྱུ་རྩལ་རིག་གནས་ལ་དུང་ཞེན་ཆེ་བའི་ཀན་ལྷོ་ཀླུ་ཆུའི་ས་ཁུལ་གྱི་རིག་གནས་པའི་སྡེ་དང་ལས་བྱེད་པའི་སྡེ།མང་ཚོགས་ཀྱི་སྡེ་བཅས་གདོད་མའི་དམངས་གླུ་མཁན་དང་རྡུང་ལེན་པ། དེང་རབས་གླུ་གཞས་མཁན་དང་མདོ་འཛིན་པ། སྙན་ངག་པ་དང་སྙན་ངག་གྱེར་འདོན་པ།སྐད་སྦྱོར་བ་སོགས་སྒྱུ་རྩལ་གྱི་རྣམ་གྲངས་མང་ཞིང་འཐུས་སྒོ་ཅུང་ཚང་ལ།སྒྲིག་གཞི་ཚགས་དམ་ཞིང་རྩ་འཛུགས་རང་བཞིན་ལྡན་པའི་སྒྱུ་རྩལ་གྱི་ཚོགས་པ་ཞིག་ཡིན།
༼བཀྲ་ཤིས་གླུ་ཡི་མཆོད་པ།༽
ཚིག བློན་ཚང་བསྟན་ཁོ། དབྱངས། དགེ་བྷེ།
དགུང་སྔོན་ཉི་མ་སེར་པོ།།
གངས་རིའི་རྩེ་ནས་འཚེར་དུས།།
བསིལ་ལྡན་པདྨོའི་ཚལ་ལ།།
བྱམས་བརྩེ་འཁྲུངས་པའི་བཀྲ་ཤིས།།
ཉི་མའི་འོད་ལ་འཁྱིལ་བའི།།
ཕ་སྐད་གཙང་མའི་ལང་ཚོ།།
རིགས་གཅིག་སྤུན་ཟླའི་ངག་ན།།
གཏན་དུ་གནས་པའི་བཀྲ་ཤིས།།
དུང་མདོག་ཟླ་བ་དཀར་པོ།།
ཨ་སྔོན་དབྱིངས་ནས་འཛུམ་དུས།།
རྨོངས་པའི་འཇིག་རྟེན་ཁམས་ལ།།
འོད་སྣང་རྒྱས་པའི་བཀྲ་ཤིས།།
ཟླ་བའི་འོད་ལ་འཁྱིལ་བའི།།
མ་ཡིག་དུང་གི་ནོར་བུ།།
རྒྱུད་འཛིན་རིགས་ཀྱི་བདག་པོར།།
རླུང་རྟ་དར་བའི་བཀྲ་ཤིས།།
ནམ་མཁའི་སྐར་ཚོགས་ཁྲ་མོ།།
མ་འཐོར་ལྷན་དུ་འཛོམས་དུས།།
མཐོ་སྒང་ཁ་བ་ཅན་པོའི།།
བཟང་སྤྱོད་གཤིས་འདི་བཀྲ་ཤིས།།
སྐར་མའི་མདངས་ལ་འཁྱིལ་བའི།།
ཆོལ་ཁ་གསུམ་གྱི་སྤུན་ཟླ།།
ས་ཕྱོགས་གང་དུ་ཡོད་ཚད།།
བསམ་དོན་འགྲུབ་པའི་བཀྲ་ཤིས།།
དེ་རུ་ལོ་རབས་བརྒྱད་བཅུ་བའི་རྒན་རབས་རྡུང་ལེན་པ་ཐང་དགེ་སྒྲོལ་དཀར་སྐྱབས་དང་འབྲོང་བྲེ་ལོ།མགོན་པོ་འཚོ། དེང་རབས་བོད་ཀྱི་གཞས་ཚོགས་ས་ནག་གཞས་ཚོགས་དང་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེའི་དངོས་སློབ་ཕྱག་རྡོར་སྐྱབས།བྱེའུ་འཇོལ་མོའམ་ལྷ་མོ་འཚོ། རི་གླུའི་རྒྱལ་སྲས་མགོན་པོ་རྣམ་རྒྱལ། ཨ་མདོའི་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་བཞི་བའི་སྟེང་བྱ་དགའ་ཨང་གཉིས་བ་ཐོབ་མཁན་རྡུང་ལེན་པ་ཚེ་རིང་དབང་འདུ་དང་སྐབས་དྲུག་པར་བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་རྡུང་ལེན་པ་ཚེ་དཔག་སྐྱབས།ཀྲུང་གོ་མཛོད་དགེ་རྫོང་རིག་གནས་ཡུལ་སྐོར་དུས་སྟོན་དང་རྫོགས་ལྡན་དབྱར་གྱི་སྟོན་མོའི་མདོ་སྨད་རྡུང་ལེན་འགྲན་ཚོགས་ཁྲོད་བྱ་དགའ་ཨང་དང་བོ་ཐོབ་པའི་རྡུང་ལེན་པ་གཅོད་པ་སྐྱབས། ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བོད་ཁམས་གདོད་མའི་དམངས་གླུ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་བོ་ཐོབ་མཁན་དཀོན་མཆོག་སྐྱབས།ད་ལྟ་མྱུ་གུ་བཞིན་འབུས་བཞིན་པའི་ན་རོ་གཞས་ཚོགས། དེ་མིན་གསར་སྐྱེས་གླུ་བ་གླུ་མ་སོགས་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་མི་བུ་ལྔ་བཅུ་ལྷག་ཡོད། སྤྱི་ལོ་༢༠༡༦ལོར་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་གཙོ་སྒྲུབ་བྱས་པའི་ཐོག་མའི་དགོང་ཚོགས་སྟེ་༼ཀླུ་ཆབ་སྔོན་མོའི་རང་སྒྲ་༽ཚོགས་པ་ནས་བཟུང་། ལོ་རེའི་ཀྲུང་གོ་སྐོར་བྲོའི་ཕ་ས། ཀླུ་ཆུའི་ཤིང་སློང་དུས་སྟོན་སྐབས་སུ་༼རྫོགས་ལྡན་ཀླུ་ཆུའི་དགྱེས་འཛོམས་༽དང་༼ཀླུ་རྒྱལ་ཕྱུག་མོའི་བསྟོད་དབྱངས།༽༼རྒྱུད་དྲུག་དབྱངས་ཀྱི་མཆོད་པ་༽སོགས་རིག་རྩལ་སྤྲོ་ཚོགས་གང་ལེགས་ཚོགས་པས།ས་གནས་མང་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་བླ་མེད་ཐོབ། མདོར་ན་དམངས་ཁྲོད་སྒྱུ་རྩལ་རིག་གནས་ནི་ཤ་གསེང་གི་རུས་དང་རུས་གསེང་གི་རྐང་ལྟ་བུ་ཡིན་པས།ང་ཚོས་དེ་རང་ནུས་ཅི་ལྕོགས་ཀྱིས་སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་དང་སྒོས་སུ་བོད་རིགས་སྤུན་ཟླ་ཡོངས་ལ་ཕ་སྐད་གཙང་མའི་སྐད་ངག་སྙན་མོས་ཞབས་ཞུ་གང་ལེགས་རེ་སྒྲུབ་པར་གདོན་མི་ཟའོ།
དོ་དམ་པ:མར་མེ་རང་འབར།
སྐད་འཕྲིན:zmcd007
本文来自网络或网友投稿,如有侵犯您的权益,请发邮件至:aisoutu@outlook.com 我们将第一时间删除。
相关素材